Sakya Seal

Tibetan Content
Requires Microsoft's Himalaya font to view properly.
We also recommend Microsoft Internet Explorer version 8 for best viewing.

སིདྡྷའི་དུང་འཁོར་ལ་རབ་གནས་མཛད་པ། PDF Print E-mail
Written by Tulku Yeshi Gyatso   
Friday, 13 August 2010 10:34

 

བདག་ཆེན་རིན་པོ་ཆེ་མཆོག་གིས་རབ་གནས་གནང་བཞིན་པ།  

བདག་ཆེན་རིན་པོ་ཆེ་དང་ཀཿཐོག་རིན་པོ་རྣམ་གཉིས།

བདག་ཆེན་རིན་པོ་ཆེ་མཆོག་དང་བླ་མཁན་གྲྭ་གསུམ།

སྤྱི་ཟླ་བདུན་པའི་ཚེས་གསུམ་ཉིན། འདི་ག་ས་སྐྱ་དགོན་པའི་ཤར་སྒོའི་ཕྱོགས་སུ་གསར་འཛུགས་ཞུས་པའི་གུ་རུའི་གཟུངས་སྔགས་དུང་འཁོར་སུམ་ཅུ་སོ་གཉིས་བལ་ཡུལ་ནས་གདན་འདྲེན་ཞུས་ཏེ་སྒྲིག་བཀོད་ལེགས་པར་གྲུབ་པའི་རབ་གནས་མཛད་སྒོ་གཟབ་རྒྱས་ངང་འཚོགས། དེ་ཡང་ཐོག་མར་དཔལ་༧ས་སྐྱ་གོང་མ་དབུ་བཞུགས་ཀྱིས་ས་སྐྱའི་བདག་མོ་འཇམ་དབྱངས་དཔལ་མོ་དང་། ཐེ་ཝན་ནས་ཕེབས་པའི་རྙིང་འགྱུར་རྙིང་མའི་ཀཿཐོག་རིག་འཛིན་ཆེན་པོ་དང་བླ་མ་བཀྲ་ཤིས། འདི་གར་གཏན་བཞུགས་སྤྲུལ་སྐུ་ཡེ་ཤེས་དང་མཁན་པོ་བྱམས་པ། བླ་མ་མིག་དམར་བཅས་བླ་སྤྲུལ་མཁན་གྲྭ་དང་། ཆོས་ཚོགས་པ་ཁག་ཅིག་བཅས་ལྷན་འཛོམས་ཀྱིས་ཐོག་མར་རབ་གནས་ཀྱི་ཆོ་གའི་སྔོན་འགྲོར་གྱུར་པའི་ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་བདག་བསྐྱེད་ཆོ་གའི་རིམ་པ་ལེགས་པར་གསུངས་གྲུབ་རྗེས། བླ་གྲྭ་རྣམས་ཕྱི་རོལ་སིདྡྷིའི་དུང་འཁོར་ཡོད་སར་ཕེབས་ཏེ་རབ་གནས་དངོས་གཞི་རྒྱས་པར་གསུངས་ཤིང་། དེ་ཡང་ཐོག་མར་བགེགས་སྐྲད་དང་རྟེན་ལ་རབ་གནས་ཁྲུས་གསོལ། དུང་འཁོར་ལ་རྩ་གསུམ་ལྷ་ཡི་བྱིན་ཆེན་འབེབ་པ། དེ་ནས་མཇུག་ཆོག་གསུངས་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་མ་ལེགས་པར་གྲུབ་བོ།། སྤྲུལ་སྐུ་ཡེ་ཤེས་ཀྱིས་གནས་ཚུལ་སྤེལ།   

Last Updated ( Friday, 13 August 2010 10:42 )
 
དཔལ་ས་སྐྱ་པ་ཕུན་ཕོའི་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཟབ་རྒྱས་ཕུལ་བ། PDF Print E-mail
Written by Tulku Yeshi Gyatso   
Friday, 06 August 2010 09:07

བདག་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཀྱི་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུ་བཞིན་པ།

 

བདག་མོ་སྐུ་ཞབས་མཆོག་དང་རྗེ་བཙུན་མ་མ་ཀི་ལྷན་བཞུགས།  

 

ཕུན་ཕོའི་གདུང་སྲས་རྣམ་པ་དང་རྗེ་བཙུན་མ་རྣམ་པ།

 

ཕུན་ཕོའི་རྗེ་བཙུན་མ་རྣམ་པ་དང་བདག་མོ་ལྷན་རྒྱས།

 

ཀཿཐོག་རིན་པོ་ཆེ་དང་སྤྲུལ་སྐུ་ཡེ་ཤེས། མཁན་པོ་བྱམས་པ། བླ་མ་བཀྲིས། བླ་མ་མིག་དམར། བླ་མ་བསྟན་འཛིན།

 

སྤྲུལ་སྐུ་ཡེ་ཤེས་ཀྱིས་ཕུན་ཚོགས་ལྔ་ལྡན་གྱི་བཤད་པ་འབུལ་བཞིན་པ།

 

མཁན་པོ་བྱམས་པ་བསྟན་འཕེལ་གྱིས་བརྟན་བཞུགས་ལྗགས་འདོན་གནང་བཞིན་པ།

 

ས་སྐྱ་དགོན་པའི་ཆོས་ཚོགས་པ་རྣམས།

 

ས་གནས་བོད་རིགས་ཚོགས་པའི་ཚོགས་མི་རྣམས།

འདི་ཟླའི་ཚེས་བཅུ་དགུ་གཟའ་སྤེན་པའི་ཉིན་འདི་ག་བྱང་ཨ་རིའི་ས་སྐྱ་དགོན་བརྩེ་ཆེན་ཀུན་ཁྱབ་ཆོས་གླིང་དུ། ཕུན་ཕོའི་བདག་མོ་སྐུ་ཞབས་མཆོག་དང་མདོ་སྔགས་རིག་གནས་སོགས་ཀྱིས་བསྡུས་པའི་ཤེས་བྱ་ཀུན་ལ་མི་འཇིགས་པའི་མཁྱེན་རབ་མཆོག་ཏུ་མངའ་བ་ཀ་ཐོག་རིན་འཛིན་ཆེན་པོའི་སྐུ་ཕྲེང་དྲུག་པ་པདྨ་དབང་ཆེན་རིན་པོ་ཆེ་མཆོག མཁན་པོ་བྱམས་པ་བསྟན་འཕེལ་དང་སྐུ་ཚབ་བླ་མ་བཀྲ་ཤིས། ལྷ་བྲིས་བླ་མ་མིག་དམར་དང་མཆོད་དཔོན་གྲྭ་པ་བསྟན་འཛིན། གུས་པ་གདོལ་སྤྱོད་སྤྲུལ་གཟུགས་ཡེ་རྒྱམ་བཅས་ཀྱིས་མཁན་པོ་བྱམས་པ་ལགས་ཀྱིས་རྡོར་སློབ་གནང་སྟེ་འཕགས་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་ཟབ་མོ་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་བཞིན་བསྒྲུབས་པ་དང་། ཚེས་ཉི་ཤུ་རེས་གཟའ་ཉི་མ་ཨ་རིའི་ཕ་ཡི་ཉིན་མོ་གཟའ་སྐར་མཆོག་ཏུ་དགེ་བའི་ཉིན་གྱི་ཞོགས་པར་སླར་ཡང་ཚེ་སྒྲུབ་ཟབ་མོ་ཚར་གཅིག་སྔོན་དུ་བཏང་སྟེ།  གངས་ལྗོངས་གྲུབ་པའི་འཁོར་སྒྱུར་དཔལ་ས་སྐྱའི་གོང་མ་བདག་ཆེན་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་སྤོས་སྣ་དང་རྒྱ་གླིང་སོགས་མཆོད་པའི་ཡོ་བྱད་དུ་མས་མདུན་བདར་ཅིང་དཔལ་ས་སྐྱའི་གདུང་སྲས་རྣམ་པས་གཙོས་པའི་འདུས་པ་རྒྱ་མཚོས་གུས་བསུ་དང་བཅས་ལྷ་ཁང་མཐོང་གྲོལ་ཆེན་མོའི་སེང་ཁྲི་མཐོན་པོར་བཞུགས་སུ་གསོལ་རྗེས། བདག་མོ་སྐུ་ཞབས་དང་མཁན་པོ་བྱམས་པ་རྣམ་གཉིས་ཀྱིས་ཐུགས་འགན་བཞེས་ཏེ་སྔ་རྗེས་སུ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་དང་ས་སྐྱ་དགོན་པ། ཀ་ཐོག་རིན་པོ་ཆེ་དང་བླ་མ་བཀྲ་ཤིས་ཀྱི་ཆོས་ཚོགས།  དགོན་པའི་ཆོས་ཚོགས་པ་ཁག ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་མགོན་པོ་མཆོག་སྐུ་ཚེ་བསྐལ་བ་བརྒྱ་ཕྲག་ཏུ་བཞུགས་པའི་གསོལ་བ་འདེབས་རྟེན་དུ་དམིགས་པའི་མཎཌལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཀྲ་ཤིས་རྟགས་བརྒྱད་བཀྲ་ཤིས་རྫས་བརྒྱད་སོགས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པའི་དངོས་པོ་གཙང་ཞིང་ཡིད་དུ་འོང་བ་དུ་མས་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤྲོས་ཤིང་། གུས་རྨོངས་པས་འདོན་པའི་དབུ་སྐུལ་དང་འབྲེལ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་བཤད་འབུལ། བདག་ཆེན་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཡུན་རིང་དུ་བཞུགས་པའི་ཞལ་བཞེས་ཟབ་མོ་གནང་བ་དང་འབྲེལ་བདག་མོ་སྐུ་ཞབས་ཀྱི་སྐུ་ཚེའི་ལོ་རྒྱུས་གུས་ཀྱིས་བྲིས་ཤིང་ཀ་ཐོག་རིག་འཛིན་སྒྲུབ་སྡེ་ནས་ཐེ་ཝན་དུ་པར་སྐྲུན་བྱས་པ་ཞལ་འབྱེད་གནང་བ་སོགས། མདོར་ན་མཛད་རིམ་མཐའ་དག་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ལེགས་པར་གྲུབ་བོ།།

Last Updated ( Friday, 06 August 2010 10:52 )
 
འཇིགས་བྲལ་བདག་ཆེན་རིན་པོ་ཆེའི་མེ་ནེ་སོ་ཀྲ་དང་ཉིག་ཡོར་གྱི་མཛད་རིམ། PDF Print E-mail
Written by Administrator   
Tuesday, 29 June 2010 09:34

བདག་ཆེན་རིན་པོ་ཆེ་མཆོག་གིས་མེ་ནེ་སོ་ཀྲའི་བོད་རིགས་ཚོགས་ཁང་དུ་ཚེ་དབང་ཟབ་མོ་གནང་བཞིན་པ།

འདི་ཟླའི་ཚེས་བཞི་ཉིན། དཔལ་ས་སྐྱ་གོང་མ་སྐྱབས་མགོན་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དང་བདག་མོ་སྐུ་ཞབས། མཁན་པོ་བྱམས་པ་དང་བླ་མ་མིག་དམར། གུས་སྤྲུལ་གཟུགས་ཡེ་ཤེས་བཅས་མེ་ནེ་སོ་ཀྲའི་ས་སྐྱའི་ཆོས་ཚོགས་བརྩེ་ཆེན་ཀུན་ཁྱབ་གླིང་གི་གདན་ཞུས་བཞིན་འདི་ག་སེ་ཨ་རོལ་ནས་ཕེབས་ཐོན་གྱིས་ཆུ་ཚོད་གཉིས་ལྷག་རིང་གནམ་གྲུར་ཞུགས་ཏེ་མེ་ནེ་སོ་ཀྲའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ས་སྐྱའི་མཁན་པོ་སྐལ་རྒྱལ་དང་ས་གནས་ས་སྐྱའི་མི་མང་བཅས་ཀྱིས་རབ་དཀར་ལྷ་རེག་བཏེགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཤིང་། གནམ་ཐང་ནས་བདག་ཆེན་རིན་པོ་ཆེ་སྟོན་འཁོར་སྐར་མ་བཞི་ལྡན་གྱི་མགྲོན་ཁང་ཞིག་ཏུ་གདན་འདྲེན་ཞུས་པ་དང་། ཚེས་ལྔའི་ཉིན་བདག་ཆེན་རིན་པོ་ཆེ་མཆོག་གིས་ས་གནས་བོད་རིགས་ཚོགས་ཁང་དུ་བོད་རིགས་བྱིས་པ་བརྒྱ་དང་བཞི་ཅུ་བརྒལ་བར་བླང་དོར་བཀའ་སློབ་དང་གང་བློ་མའི་ལྗགས་ལུང་། དེ་བཞིན་མཇལ་ཁ་བཅས་ཀྱི་བཀའ་དྲིན་བསྩལ། བྱིས་པ་ཚོའི་ངོས་ན ས་བོད་ཀྱི་རྒྱལ་གླུ་དང་ཚད་མེད་ཡོན་ཏན་སོགས་མཉམ་ལེན་གྱི་མཆོད་སྤྲིན་སྤྲོས། ཚེས་དྲུག་ཉིན་མི་མང་ལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་དང་། ཚེས་བདུན་ཉིན་ཚེ་རྟ་ཟུང་འབྲེལ་གྱི་རྗེས་གནང་བཀའ་དྲིན་བསྩལ། ཚེས་བརྒྱད་ཉིན་མི་མང་ལ་མཇལ་ཁ་ལྷོད་སྩལ་མཛད།

ཚེས་དགུ་ཉིན་ཁམས་སྐྱེ་རྒུ་མདོའི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་པ་དང་རྨས་སྐྱོན་ཤོར་བ། དེ་བཞིན་ནང་མི་སྤུན་མཆེད་འདས་གྲོངས་སུ་སོང་བ་སོགས་ཀྱི་ཆེད་དུ་དམིགས་པའི་བསྔོ་སྨོན་གསུང་ཕྱིར་ནང་ཆེན་ཉེར་ལྔའི་གདན་ཞུས་བཞིན་ཉིག་ཡོར་དུ་ཕེབས་ཐོན་གནང་ཞིང་། ཉིག་ཡོར་གནམ་ཐང་དུ་དཔལ་སྤྲུལ་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུ་ཞུས། རྒྱ་གར་བའི་མགྲོན་ཁང་ཞིག་ཏུ་བཞུགས་ས་བཀོད་སྒྲིག་ཞུས་པ་བཞིན་དེ་གར་ལྷོད་བཞུགས་གནང་། ཚེས་བཅུ་ཉིན་མི་མང་ལ་མཇལ་ཁ་བཀའ་སློབ་བསྩལ་ཅིང་། ཚེས་ཉིན་བཅུ་གཅིག་ཉིན་ཨ་རིའི་ནང་ཆོས་མཁས་པ་ཆེན་པོ་རོ་སྦིར་ཐོར་མིན་གྱིས་གཙོ་སྐྱོངབྱེད་བཞིན་པའི་བོད་ཀྱི་ཁང་པ་རུ་མཁན་པོ་པད་མ་ལགས་ཀྱི་ཆོས་ཚོགས་པ་དང་བོད་རིགས་འདུས་པ་ཁག་ཅིག་གི་ངོར་སྤྱན་རས་གཟིགས་ཀྱི་རྗེས་གནང་བསྩལ། ཚེས་ཉིན་བཅུ་གཉིས་ཉིན་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་གའི་སྒོ་ནས་གཤིན་པོ་རྣམས་ཀྱི་མིང་བྱང་སྲེག་ཆོག་གནང་། ཚེས་བཅུ་གསུམ་ཉིན་མི་མང་ཆིག་སྟོང་བརྒལ་བར་དཔལ་རྡོ་རྗེ་ཕུར་པའི་གཏོར་དབང་བཀའ་དྲིན་བསྩལ། བཀའ་དབང་གི་མཇུག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ལས་བརྩམས་པའི་བཀའ་སློབ་དང་། བདག་མོ་སྐུ་ཞབས་མཆོག་ནས་ཀྱང་དེ་འབྲེལ་བཀའ་སློབ་བོད་དབྱིན་གཉིས་ཀའི་སྒོ་ནས་བསྩལ། འདི་སྐབས་སྔ་དགོང་གཉིས་ཀར་མི་མང་བརྒྱ་ཕྲག་མང་པོར་མཇལ་ཁ་དང་གསུང་བརྟག་བསྩལ། ཚེས་བཅུ་བཞི་ཉིན་ཧྥུ་ལ་ཞིན་ས་གནས་སུ་ཡོད་པའི་ཀརྨ་བཀའ་བརྒྱུད་པའི་བླ་མ་ཚེ་དབང་གི་ཆོས་ཚོགས་གསར་པར་ཕེབས་ཏེ་རབ་གནས་བྱིན་འབེབ་དང་ནང་ཆོས་ངོ་སྤྲོད་མདོར་བསྡུས་བསྩལ།  

ཚེས་བཅོ་ལྔའི་ཞོགས་པར་མན་ཧ་ཀྲན་ཁེ་སྦོ་ཞེས་པའི་བརྙན་འཕྲིན་ལས་རིམ་གྱིས་ནང་ཆོས་དང་ས་ཡོམ་གྱི་གོད་ཆག་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་བཀའ་ལན་གནད་དུ་ཁེལ་བ་བསྩལ་ཅིང་། དགོང་དྲོའི་ཆུ་ཚོད་བརྒྱད་པར་ཉིག་ཡོར་ནས་ས་ཨ་རོལ་དུ་ཆིབ་སྒྱུར་བསྐྱངས་པ་བཅས་ཐེངས་འདིའི་མཛད་རིམ་མདོར་གསལ་འདི་ཙམ་ལགས།

སྤྲུལ་སྐུ་ཡེ་ཤེས་ཀྱིས་བྲིས།

 

མེ་ནེ་སོ་ཀྲའི་ས་སྐྱའི་བླ་མ་སྐལ་རྒྱལ་གྱི་ཆོས་ཚོགས་སུ་ས་སྐྱའི་མི་མང་དང་ལྷན་བཞུགས།

 

ཉིག་ཡོར་དུ་མི་མང་ལ་ཕུར་པའི་བཀའ་དབང་་གསུང་བཞིན་པ།

 

ཕུར་པའི་བཀའ་དབང་ཞུ་བཞིན་པའི་ཉིག་ཡོར་བོད་རིགས་མི་མང་།  

Last Updated ( Friday, 06 August 2010 10:51 )
 
༄༅། །ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་གིས་སྐྱེ་རྒུའི་ས་ཡོམ་གྱིས་རྐྱེན་འདས་སུ་གྱུར་པ་དང་རྨས་སྐྱོན་ཕོག་པ་དག དེ་ཚོའི་ནང་མི་རྣམས་ཀྱི་ཆེད་དུ་བསྩལ་པའི་བཀའ་སློབ། PDF Print E-mail
Written by Administrator   
Friday, 30 April 2010 10:08

 

དེ་རིང་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཡ་ང་བ་ཞིག་བྱུང་སྟེ་མི་མང་པོ་རྐྱེན་འདས་དང་རྨས་སྐྱོན། དེ་བཞིན་དགོན་པའི་གཙུག་ལག་ཁང་དང་གྲྭ་ཤག་སོགས་སྡོད་ཁང་མང་པོ་ཞིག་རྩ་བརླག་ཏུ་གྱུར་པའི་གནས་ཚུལ་ཐོས་པས་སེམས་ཁྲལ་ཆེན་པོ་བྱུང་ཞིང་། ངོས་ཀྱིས་བསླུ་མེད་དཀོན་མཆོག་གསུམ་ལ་ཚེ་འདས་རྣམས་ཀྱིས་བདེ་འགྲོའི་རྟེན་བཟང་འཐོབ་པ་དང་། རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲགས་སྐྱེད་ཡོང་བ། དེ་བཞིན་ཤུལ་ལུས་ནང་མི་རྣམས་ཀྱིས་གཙོས་པའི་འགྲོ་བ་རྣམས་སྡུག་བསྔལ་ལས་གྲོལ་བའི་གསོལ་བ་བཏབ་དང་འདེབས་བཞིན་ཡོད་པ་དང་།      འདི་གའི་ས་སྐྱ་དགོན་པའི་ཆོས་ཚོགས་པ་རྣམས་དང་ས་གནས་བོད་རིགས་རྣམས་མཉམ་འཛོམས་ཀྱིས་གངས་ལྗོངས་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་དང་འབྲེལ་བའི་མ་ཎི་དང་སྨན་བླའི་མཚན་སྔགས། དེ་བཞིན་འཕགས་པ་བཟང་པོ་སྤྱོད་པ་སྨོན་ལམ་གྱི་རྒྱལ་པོ་བཅས་གང་མང་གསོག་སྒྲུབ་བྱས་དང་བྱེད་བཞིན་ཡོད་པ་ཐུགས་འཇག་འཚལ།།

                                           ཕུན་ཕོའི་འཇིགས་བྲལ་བདག་ཆེན་གྱིས།

                                                             སྤྱི་ཟླ་བཞི་པའི་ཚེས་བཅུ་བཞིའི་ཉིན།

 

 

Last Updated ( Friday, 30 April 2010 10:30 )
 
ཨ་རིའི་ས་སྐྱ་དགོན་པ་རུ་སྐྱེ་རྒུ་མདོའི་ས་ཡོམ་ཁྲོད་གོད་ཆག་ཕོག་པ་ཚོའི་ཆེད་དུ་བསྔོ་བ་སྨོན་ལམ་གནང་བ། PDF Print E-mail
Written by Administrator   
Friday, 30 April 2010 10:11

 

འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་གིས་ཐུགས་སྨོན་གནང་བཞིན་པ།

 

བདག་མོ་སྐུ་ཞབས་མཆོག་གིས་ཐུགས་སྨོན་གནང་བཞིན་པ།

 

 

ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བྱམས་པ་ཇོ་ཁང་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

 

 

བླ་མ་མིག་དམར་ལགས་ཀྱིས་སྣང་གསལ་མར་མེ་སྒྲོན་བཞིན་པ།

 

  

ཨ་ཅག་བསྟན་འཛིན་དབྱངས་ཅན་ལགས་དང་སྐལ་བཟང་ལགས་གཉིས་ཀྱིས་མི་མང་ལ་གསོལ་ཇ་འདྲེན་བཞིན་པ།  

 

འདི་ཟླའི་ཚེས་བཅུ་བཞི་ཉིན་བོད་མདོ་ཁམས་སྐྱེ་རྒུ་མདོ་དང་དེའི་གཡས་གཡོན་ས་ཁུལ་མང་པོ་ཞིག་ལ་འབྱུང་བ་ས་གཡོའི་རྐྱེན་ངན་བྱུང་སྟེ་མི་གྲངས་སྟོང་ཕྲག་གཉིས་ལྷག་འདས་གྲོངས་དང་མི་ཁྲི་ཕྲག་བརྒལ་བར་རྨས་སྐྱོན། དགོན་པ་ལྷ་ཁང་དང་གྲོང་མིའི་སྡོད་ཁྱིམ། དེ་བཞིན་སློབ་གྲྭ་དང་ཚོང་ཁང་སོགས་རྩ་བརླག་ཏུ་སོང་བ། མི་འབུམ་ཕྲག་གིས་གཉེན་བྲལ་ཁྱིམ་འཐོར་གྱི་སྡུག་བསྔལ་དོས་དྲག་པོ་མྱོང་དགོས་བྱུང་བ་སོགས་ལ་དམིགས་ཏེ། འདི་ག་ས་སྐྱ་དགོན་པར་སྐྱབས་མགོན་ས་སྐྱ་བདག་ཆེན་རིན་པོ་ཆེ་དང་གདུང་སྲས་རྣམ་པ། རྗེ་བཙུན་མ་རྣམ་པ་དང་བདག་མོ་རྣམ་པ། སྤྲུལ་སྐུ་ཡེ་ཤེས་དང་མཁན་པོ་བྱམས་པ་བསྟན་འཕེལ་སོགས་འདིར་བཞུགས་དགེ་འདུན་པ་རྣམ་པ། ས་སྐྱའི་ཆོས་ཚོགས་པ་རྣམ་པ་དང་ས་གནས་བོད་རིགས་ཚོགས་པ་བཅས་ལྷན་བཞུགས་ཀྱིས། འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་དང་འབྲེལ་བའི་མ་ཎི་ཡིག་དྲུག་དང་སྨན་བླའི་མཚན་སྔགས་གྲངས་གསོག འཕགས་པ་བཟང་པོ་སྤྱོད་པ་སྨོན་ལམ་གྱི་རྒྱལ་པོ་གསུང་སྒྲོག་བཅས་མཛད་ཅིང་། ཤུལ་ལུས་མི་མང་ལ་རོགས་དངུལ་ཞལ་འདེབས་འབོད་སྐུལ་གནང་བ་དང་། དེ་བཞིན་དགུང་ཞག་ཞེ་དགུའི་རིང་རེས་གཟའ་སྤེན་པ་ནམ་ཡིན་ལ་འདི་ག་ས་སྐྱ་དགོན་པའི་ཆོས་ཚོགས་པ་དང་ས་གནས་བོད་རིགས་རྣམས་མཉམ་འཛོིམས་ཀྱིས་སྨོན་ལམ་མུ་མཐུད་དེ་གསུང་འཆར་དང་། དགུང་ཞག་ཞེ་དགུ་ཚང་བའི་ཉིན་དཔལ་ས་སྐྱ་བདག་ཆེན་རིན་པོ་ཆེ་དབུ་བཞུགས་ཀྱིས་འདི་གར་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་གཤིན་པོ་རྣམས་ཀྱི་མིང་བྱང་སྲེག་ཆོག་ཀྱང་གནང་རྒྱུ་ཡིན་པའི་གནས་ཚུལ་བཅས། སྤྲུལ་སྐུ་ཡེ་ཤེས་ཀྱིས་སྤེལ། 

 

ངའི་མྱ་ངན་ཞུ་ཚིག

ཀླུ་སྨྱོིན་ཧེ་རུ་ཀ

སྐྱེ་རྒུའི་ས་ཡོམ་གྱི་ཁྲོད་དུ་གོད་ཆག་ཕོག་པའི་མི་མང་ལ་ཕུལ་བ།

འགྲོ་བ་སེམས་ཅན་གཉིད་ལས་སད་མ་སད་ཀྱི་དུས་ཚོད་ཅིག་ལ།

སྙིང་ལ་ཟུག་པའི་འུར་སྒྲ་ཞིག་གི་རྗེས་སུ།

ས་ཆེན་པོ་འདི་རིམ་པ་དྲུག་ཏུ་གཡོས་སོང་།

རིམ་པ་དྲུག་དང་གྲངས་ཆུང་དགུ་རུ་གཡོས་སོང་།

 

འུར་སྒྲ་དང་ཆོམ་སྒྲའི་ཀློང་ནས།

སྡོད་ཁང་བརྡིབས་སོང་ལ་ལྷ་ཁང་ཡང་འཇིག་སོང་།

ས་རྡུལ་དང་ངུ་འབོད་ཀློང་ནས།

མཆོད་རྟེན་ཉིལ་སོང་ལ་མགྲོན་ཁང་ཡང་ཞིག་སོང་།

 

ཕོ་མོ་དང་རྒན་གཞོན་མེད་པར།

བོད་མགོ་ནག་ཚོ་ས་གཅུར་རྡོ་གཅུར་བྱས་སོང་ལ།

ཆོལ་ཁ་དང་ཆོས་ལུགས་མེད་པར།

བོད་རྩམ་ཟན་ཚོ་དམར་པོ་ཁྲག་ལ་བསྒྲེས་སོང་།

 

ས་ཆེན་པོ་འདིར་སྙིང་རྗེ་ཅི་ཡང་མེད་པར།

དགོན་པའི་རྗེས་སུ་དགོན་པ་འཇིག་སོང་ལ།

གནམ་སྔོན་པོ་འདིར་མིག་ཟུང་ཅི་ཡང་མེད་པར། 

གྲོང་བའི་རྗེས་སུ་གྲོང་པ་བསྣུབས་སོང་།

 

ཉལ་སའི་ནང་གི་རྒན་རྒོན་ཚོ་བསད་སོང་ལ།

ཉིན་ལས་ཅན་གྱི་ན་གཞོན་ཚོ་བསད་སོང་།

སློབ་གྲྭའི་ནང་གི་བྱིས་པ་ཚོ་བསད་སོང་ལ།

དགོན་པའི་ནང་གི་བན་ཆུང་ཚོ་ཡང་བསད་སོང་།

 

སྐད་ཅིག་དེ་ཉིད་ལ།

མཛེས་སྡུག་གི་གྲོང་ཁྱེར་ཞིག་དམྱལ་ཁམས་བཅོ་བརྒྱད་དུ་བསྒྱུར་སོང་།

བལྟས་བལྟས་རིག་རིག་ལ།

ཞི་འཇགས་ཀྱི་གྲོང་བརྡལ་ཞིག་ངུ་འབོད་ཀྱི་འཇིག་རྟེན་དུ་གྱུར་སོང་།

 

ཡ་ང་བའི་སྲང་མདོ་རེ་རེ་ནས།

ཕ་མ་མེད་པའི་དྭ་ཕྲུག་གི་མིག་ནས་ཕ་མ་འབོད་པའི་མིག་ཆུ་ཁྲག་ཏུ་འབབ་ཅིང་།

ཡི་མུག་པའི་སྲང་བར་རེ་རེ་ནས། 

བུ་ཕྲུག་ཤི་བའི་ཕ་མའི་ངག་ནས་བུ་ཕྲུག་འབོད་པའི་ངུ་ངག་སྙིང་ལ་མཛེར་ཡོང་།

 

བཀྲ་ཤིས་ཀྱི་གཅེས་པའི་ཚེ་སྲོག་བརླགས་སོང་།

དོན་གྲུབ་ཀྱི་གཅེས་པའི་ལུས་པོ་བརླགས་སོང་།

ཚེ་རིང་གི་གཅེས་པའི་ཕ་མ་བརླགས་སོང་།

ཟླ་བ་ཡི་གཅེས་པའི་བུ་ཕྲུག་བརླགས་སོང་།

 

མདོར་ན།

བརྩེ་དུང་མཚོ་ལས་ཟབ་པ་ཐམས་ཅད་ས་འོག་ཏུ་ཚུད་སོང་།

ཞེན་ཆགས་རི་ལས་ལྕི་བ་ཡོད་ཚད་ས་འགུལ་གྱིས་ཁྱེར་སོང་།

ཤུལ་དུ་ཅི་ཡང་མ་ལྷག་པར་ས་འོག་ཏུ་ཐིམ་སོང་།

 

དཀོན་མཆོག་གསུམ་པོའི་སྤྱན་གྱིས་གཟིགས་ས་ནས།

སྐྱེ་རྒུའི་མི་མང་ས་འོག་ཏུ་ཚུད་སོང་།

ཆོས་སྐྱོང་སྲུང་མའི་རྣ་བའི་གོ་ས་ནས།

སྐྱེ་རྒུའི་མི་མང་ས་འགུལ་གྱིས་མནན་སོང་།

 

དེ་རིང་།

གྲོང་ཁྱེར་ནི་གྲོང་ཁྱེར་དང་མི་འདྲ་བར་དུར་ཁྲོད་དང་འདྲ་ལ།

དེ་རིང་།

དགོན་པ་ཡང་དགོན་པ་དང་མི་འདྲ་བར་གཡུལ་ས་དང་འདྲ།

 

ཨུ་ཧུ་དཀོན་མཆོག་གསུམ།

དེི་རིང་མ་སེམས་ཅན་སྡུག་བསྔལ་གྱི་དོང་ཞབས་སུ་ལྷུང་སོང་ལ།

ཨུ་ཧུ་སྤྱན་རས་གཟིགས།

དེ་རིང་འབངས་
མགོན་མེད་སྐྱོ་གདུང་གི་དྲ་བ་རུ་ཚུད་སོང་།

 

དེ་རིང་གཅེས་པའི་ཚེ་སྲོག་ཤོར་སོང་ལ།

དེ་རིང་བསགས་པའི་རྒྱུ་ནོར་བརླགས་སོང་།

དེ་རིང་མཛའ་བའི་གཉེན་བཤེས་གྲོངས་སོང་ལ།

དེ་རིང་མིག་གི་མཆི་མ་ཡང་བསྐམས་སོང་།

 

ད་ནི་ཕ་མ་མེད་པའི་དྭ་ཕྲུག་དེ་ཚོར་སུས་བདག་པོ་རྒྱག་གི་རེད།

ད་ནི་བུ་ཕྲུག་མེད་པའི་རྒན་རྒོན་དེ་ཚོར་སུས་གཉོར་སྐྱོང་བྱེད་ཀི་རེད།

ད་ནི་ལས་ལ་ཁ་གཡར་ནས་ལྷོད་ལྷོད་སྡོད་ཀྱི་ཡིན་ནམ།

ད་ནི་ལམ་ལ་ཆས་ནས་རོགས་རམ་བྱེད་མགོ་རྩོམ་གི་ཡིན།

 
ད་ནི་ལག་གཉིས་ཐལ་མོ་སྦྱར་ཏེ།

འདས་གྲོངས་ཕྱིན་པ་དག་བདེ་བ་ཅན་ནས་སྐྱེ་བའི་སྨོན་ལམ་དང་།

ད་ནི་མིག་གཉིས་མཆི་མས་གང་སྟེ།

ཤུལ་དུ་ལུས་པ་ཚོར་སྡུག་བསྔལ་ལས་ཐར་བའི་རོགས་རམ་བྱེད།
<!--[if !supportLineBreakNewLine]-->
<!--[endif]-->

 

 

Last Updated ( Friday, 06 August 2010 10:49 )
 
  • «
  •  Start 
  •  Prev 
  •  1 
  •  2 
  •  3 
  •  4 
  •  Next 
  •  End 
  • »


Page 1 of 4

Office of H.H. Jigdal Dagchen Sakya & Phuntsok Phodrang


Mailing List

Receive announcements about special events as well as a weekly email detailing all activities for the coming week.
Make a Donation

Help support Sakya Monastery through a donation or by becoming a Member.
Dharma Shop

Purchase select books, CDs, and other items at our online Dharma Shop!