གདུང་སྲས་ཨ་བྷ་ཡ་རིན་པོ་ཆེ་མཆོག་གིས་རབ་བྱུང་གི་སྡོམ་པ་བཞེས་གནང་མཛད་པ།

Created: Monday, 12 October 2009 17:23
Last Updated: Monday, 31 August 2015 16:47
Hits: 3691

 

གདུང་སྲས་ཨ་བྷ་ཡ་རིན་པོ་ཆེ་མཆོག་ནི་༧སྐྱབས་མགོན་གོང་མ་བདག་ཆེན་རིན་པོ་ཆེ་མཆོག་དང་བདག་མོ་སྐུ་ཞབས་རྣམ་གཉིས་ཀྱི་སྐུ་ཚ་དང་། འཁོན་གདུང་ཛ་ཡ་རིན་པོ་ཆེ་དང་བདག་མོ་ལྷ་མཛེས་རྣམ་གཉིས་ཀྱི་རིགས་སྲས་སུ་སྐུ་འཁྲུངས། ཁོང་གིས་སྤྱི་ལོ་༢༠༠༧ལོའི་སྟོན་ཁར་ཨ་རིའི་སེ་ཨ་རོལ་དུ་སློབ་གྲྭའི་འཛིན་རིམ་བཞི་བ་མཇུག་སྐྱོང་གནང་བ་དང་། སྤྱི་ལོ་༢༠༠༨ལོའི་ལོ་སྟོད་ནས་བཟུང་སྟེ་རྒྱ་གར་དུ་བཞུགས་པའི་ཁོང་གི་སྐུ་གཅེན་འཁོན་གདུང་ཨ་བྷི་ཥེ་ཏ་རིན་པོ་ཆེ་མཆོག་དང་ལྷན་དུ་ཁོང་གི་སྐུ་ཡོན་གསན་བཞེས་མུ་མཐུད་དེ་གནང་བཞིན་མཆིས།

འཁོན་གདུང་ཁོང་གིས་༧སྐྱབས་མགོན་གོང་མ་བདག་ཆེན་རིན་པོ་ཆེ་མཆོག་དང་ས་སྐྱའི་༧ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་དཔལ་ས་སྐྱའི་སྐྱེས་ཆེན་དུ་མ་ལས་དབང་ལུང་ཁྲིད་གསུམ་དུ་མ་གསན་བཞེས་མཛད་ཅིང་། རང་ལུགས་སྐུ་ཡོན་གསན་བཞེས་གནང་མགོ་བཙུགས་པ་དང་བཟུང་སྟེ་གདུང་སྲས་ཁོང་གིས་འཁོན་ལུགས་ས་སྐྱ་པཎ་ཌི་ཏ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ། དེ་བཞིན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ལས་བརྒྱུད་པའི་རབ་ཏུ་བྱུང་བའི་སྡོམ་རྒྱུན་བཞེས་རྒྱུར་ཐུགས་འདོད་ཆེན་པོ་གནང་། དེ་བཞིན་ཁོང་གིས་ 

འཁོན་གྱི་གདུང་རྒྱུད་འཛིན་རྒྱུ་དེ་ཅི་ཙམ་གལ་ཆེན་ཞིག་ཡིན་པ་དང་འབྲེལ་སྡོམ་བརྩོན་དམ་པའི་རྣམ་པར་སྐྱོང་རྒྱུའི་གནད་འགག་ཆེན་པོ་དེ་ཡང་གཟིགས། སྐུ་ཞང་འཕྲིན་ལས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་དུས་འཁོན་གདུང་ཁོང་དགུང་ལོ་གཅིག་ཙམ་ལས་ཕེབས་མེད་པས། འཕྲིན་ལས་རིན་པོ་ཆེས་མཛད་པ་ཅི་གནང་ཐུགས་དྲན་མི་གནང་ཡང་། སྐུ་གཤེགས་ཁོང་འཁོན་ལུགས་སྡོམ་བརྩོན་དམ་པ་ཞིག་དང་ཐུགས་རྒྱུད་ལ་བག་ཆགས་བཟང་པོ་འཇོག་གནང་མཛད་པ་ཞིག་ཏུ་བཞུགས། སྤྱི་ཟླ་བདུན་པའི་ཚེས་ཉེར་ལྔ་དང་བོད་ཟླ་དྲུག་པའི་ཚེས་བཞི་སྟོན་པ་ཐུབ་པའི་དབང་པོ་མཆོག་གིས་འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་མཛད་པའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་མོ་འདི་ནི། ༧སྐྱབས་མགོན་གོང་མ་བདག་ཆེན་རིན་པོ་ཆེ་མཆོག་གི་དགོངས་ཁྲོལ་དང་ཐུགས་སྨོན་ཁྱད་པར་ཅན་དང་འབྲེལ། འཁོན་གདུང་ཁོང་གི་དམིགས་བསལ་ཁྱད་དུ་འཕགས་པའི་ཉིན་མོ་ཞིག་ཏུ་གྱུར། ཉིན་འདི་དག་གི་རིང་ལ། དཔལ་ས་སྐྱ་པའི་སྡོམ་བརྩོན་ཁྲི་ཕྲག་གི་གཙུག་རྒྱན་དམ་པ་སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རྒན་རིན་པོ་ཆེ་མཆོག་ལས་རབ་ཏུ་བྱུང་བའི་བསླབ་པ་རིན་པོ་ཆེ་འབོག་གནང་མཛད་རྒྱུ་རེད། སྡོམ་པ་འབོག་ཆོག་གི་མཛད་སྒོ་དམིགས་བསལ་བ་འདི་ངོེར་མཁན་རྒན་དང་མཁན་གཞོན་རྣམ་གཉིས་ཀྱི་བཞུགས་གནས་རྒྱ་གར་བྱང་ཕྱོགས་མན་ཀྲུ་ཝ་ལ་ས་གནས་སུ་ཡོད་པའི་ངོར་དགོན་པར་དབུ་འཛུགས་གནང་བ་དང་། སྒྲོལ་མ་ཕོ་བྲང་གི་བདག་མོ་སྐུ་ཞབས་མཆོག་དང་ར་སྤུར་ས་སྐྱའི་ཆོས་སྒར། ངོར་བླ་བྲང་ཁག་དང་ས་གནས་མི་འདྲ་བའི་སྐུ་ཚབ་སོགས་ཀྱིས་གུས་བརྩི་ཆེན་པོའི་སྒོ་ནས་གཟིགས་ཞིབ་བསྐྱངས།

མཛད་སྒོ་འདིའི་སྟེང་དུ་སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་དང་ཀླུ་ལྡིང་མཁན་པོ་སྐུ་གཞོན། ཁང་གསར་ཞབས་དྲུང་། ཨ་ཀྲོ་སྤྲུལ་སྐུ། རྒྱུད་གྲྭ་མཁན་པོ་དཀོན་མཆོག་རྒྱལ་མཚན་སོགས་བླ་སྤྲུལ་སྐྱེས་ཆེན་བཅུ་དང་གཉུག་མར་གནས་པའི་དགེ་འདུན་པ་ཁག་ཅིག་བཅས་ལྷན་བཞུགས་གནང་བ་དང་། མཛད་སྒོའི་སྔོན་དུ་འཁོན་གདུང་རིན་པོ་ཆེའི་དབུ་སྐྲ་འབྲེག་བཞེས་མཛད་དེ་ལྷག་མར་ལུས་པ་ཅུང་ཟད་ཅིག་བསླབ་པ་འབོག་ཆོག་གི་ཆོ་ག་དངོས་གཞིའི་སྐབས་སུ་བཞར་གནང་མཛད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྟགས་སུ་བྱིན་རླབས་ཅན་གྱི་ངུར་སྨྲིག་གི་ན་བཟའ་དང་མཚན་གནས་འབུལ་བཞེས། དེ་བཞིན་དེར་བཞུགས་བླ་གྲྭ་ལྷན་རྒྱས་ལ་ཐུགས་རྗེ་ལེགས་གསོལ་གྱི་བསྙེན་བཀུར་གྱ་ནོམ་པ་ཡང་འབུལ་བར་མཛད།

འཆར་ཅན་བཞིན་འཁོན་གདུང་ཁོང་གི་གསམ་བསམ་སློབ་གཉེར་གྱི་ཕྱོགས་སུ་མ་འོངས་པར་ཡང་འཐུས་ཤོར་མེད་པར་སྐུ་གཅེན་ཨ་བྷི་ཥེ་ཏ་རིན་པོ་ཆེ་དང་ལྷན་དུ་ཐུགས་གཉེར་མུ་མཐུད་དེ་གནང་རྒྱུ་དང་། ཅུང་ཟད་མི་འདྲ་བ་ནི་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དང་སྲུང་སྡོམ་ཁག ཟླ་རེའི་གསོ་སྦྱོང་དང་ལོ་རེའི་དབྱར་གནས་ཀྱི་ཆོ་ག དེ་བཞིན་ཆོས་སྤྱོད་ཟུར་བ་ཁག་ཅིག་ཡོད་པ་རེད།  གཞན་འཆར་ཅན་གྱི་བྱེད་སྒོ་དང་ཉམས་ལེན་གཞན་དག་ཐད་མི་འདྲ་བ་དེ་ཙམ་མེད།

འཁོན་གདུང་ཁོང་རྡོ་རྗེ་གླིང་དུ་ཡོད་པའི་ས་སྐྱ་གུམ་དགོན་པར་ཁོང་གི་སྐུ་གཅེན་དང་ལྷན་དུ་ཁྱུག་ཙམ་བཞུགས་རིང་ཐུགས་གཉེར་མུ་མཐུད་དང་། དེ་རྗེས་སྤྱི་ཟླ་དགུ་བའི་ནང་འཁོན་གདུང་རྣམ་གཉིས་ལྷན་དུ་ལྡི་ལི་གསར་པར་ཡོད་པའི་ས་སྐྱའི་ཕོ་བྲང་དུ་ཕྱག་ཕེབས་གནང་།

བདག་མོ་ལྷ་མཛེས་ནས་དབྱིན་ཡིག་ཏུ་བྲིས་ཤིང་སྤྲུལ་སྐུ་ཡེ་ཤེས་ཀྱིས་བོད་ཡིག་ཏུ་བསྒྱུར།