འཁོན་གདུང་༧ཨ་བྷི་ཥེ་ཏ་རིན་པོ་ཆེ་མཆོག་གིས་རྡོ་རྗེ་ཕུར་པའི་སྐུ་མཚམས་དང་ རྡོ་རྗེ་སློབ་དཔོན་གནང་བའི་མཛད་རིམ།

 

འཁོན་གདུང་༧ཨ་བྷེ་ཥེ་ཏ་རིན་པོ་ཆེ་མཆོག་གི་སེ་ཨ་རོལ་ས་གནས་ཀྱི་སྤྲོ་སྐྱིད་ལྡན་པའི་གུང་གསེང་དེ་སྤྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་རྫོགས་མ་ཐག སྐུ་ཉིད་ལམ་སེང་རྒྱ་གར་རྡོ་རྗེ་གླིང་ས་གནས་སུ་ཡོད་པའི་ས་སྐྱ་གུམ་དགོན་པར་ཕེབས་ཏེ་དཔལ་ཆེན་རྡོ་རྗེ་ཕུར་པའི་སྐུ་མཚམས་དབུ་འཛུག་གནང་། ཁོང་གིས་ལོ་སྔོན་མའི་ནང་དུ་ཕུར་པའི་ཆོ་ག་ཕྱག་ལེན་མཐའ་དག་གི་རྒྱུགས་འབུལ་ལེགས་གྲུབ་གནང་བ་དང་། དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་དཔལ་ཆེན་རྡོ་རྗེ་ཕུར་པའི་བཀའ་དབང་ཟབ་མོ་ཡང་སྐྱར་གསན་བཞེས་མཛད། དེ་བཞིན་ཕུར་དྲག་གི་བཀའ་དབང་ཡང་སྐྱབས་མགོན་ཁྲི་འཛིན་རིན་པོ་ཆེ་གང་ཉིད་ཀྱི་ཞལ་སྔ་ལས་༢༠༠༩ལོའི་སྤྱི་ཟླ་གཉིས་པའི་ནང་ཞུས་གནང་མཛད།

འཁོན་གདུང་ཉིད་ཀྱིས་ཕུར་པའི་སྐུ་མཚམས་འདི་བཞིན་བོད་ཟླ་བཞི་པའི་ཚེས་བཅུ་དྲུག་དང་སྤྱི་ཟླ་དྲུག་པའི་ཚེས་བརྒྱད་ཉིན་དབུ་འཛུག་གནང་ཞིང་། གུམ་དགོན་པའི་མཁན་པོ་དཔལ་ལྡན་ཕུན་ཚོགས་ལགས་ཀྱིས་རྒན་ཀུན་བཟང་རྒྱ་མཚོ་ལགས་དང་ལྷན་དུ་བསྙེན་སྒྲུབ་ལས་གསུམ་གྱི་ཕྱག་རོགས་གང་ལེགས་གནང་། འཁོན་གདུང་གང་ཉིད་ཀྱིས་བསྙེན་སྒྲུབ་འདི་ཉིད་བླ་མ་བརྒྱུད་པའི་ཕྱག་བཞེས་བཞིན་ཚད་དང་ལྡན་པ་ཞིག་གནང་བ་སྟེ། སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་བར་དུ་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བའི་ངང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྩ་སྔགས་འབུམ་བཅུ་བདུན་ལྷག་གྲངས་གསོག་གནད་སྨིན་མཛད།

གུམ་ནི་བཞའ་ཚན་དང་བརླན་གཤེར་ཆེ་བའི་རི་གྲོང་ཞིག་ཁྱད་མཚར་ཞིག་ཡིན་ཞིང་། ཆར་དུས་ཧྲིལ་བོར་སྨུག་པས་གཡོགས་པ་དང་ཆར་བ་ཆེན་པོ་རྟག་པར་འབབ། ཡིན་ན་ཡང་། ཉིན་འདི་ཚོའི་རིང་ལ་ཉི་འོད་འཕྲོས་ཤིང་། ནམ་མཁའ་དྭངས་པ་དང་རི་བོ་དག་གིས་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱི་བཀོད་པ་ཡོངས་སུ་རྫོགས་པ་ངོམས་པར་བྱེད།

ད་ལྟའི་དུས་ཚོད་འདིར་འཁོན་གདུང་ཉིད་ཀྱིས་གུམ་གྲྭ་བདུན་དང་ལྷན་དུ་ལྷ་ཁང་ལྟེ་བའི་ནང་དུ་བསྙེན་སྒྲུབ་ཀྱི་ཉེར་མཁོའི་ཡན་ལག་ཏུ་གྱུར་པའི་སྦྱིན་སྲེག་གི་ཆོ་ག་ཕྱག་བཞེས་གནང་བཞིན་ཡོད་པ་དང་། སྤྱི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་དཔལ་མགོན་ཞལ་བཞི་པའི་བསྐང་གསོའི་ཆོ་གའི་དུས་སུ། ཡིད་དབང་འཕྲོག་པར་བྱེད་པའི་འཇའ་ཚོན་ཞིག་དགོན་པའི་ཐད་ཀ་ནས་ཤར་བས་ཉིན་མོ་འདི་ཧ་ཅང་ངོ་མཚར་བ་ཞིག་ཏུ་སྒྱུར་བར་བྱེད།

དེ་རྗེས་འཁོན་གདུང་མཆོག་གིས་ཉིན་བཞིའི་རིང་གི་སྟ་གོན་གྱི་སྒོ་ནས་སྤྱི་ཟླ་དགུ་བའི་ཚེས་གཉིས་ནས་དབུ་འཛུག་རྒྱུའི་ཕུར་སྒྲུབ་ཀྱི་རྡོ་རྗེ་སློབ་དཔོན་གནང་རྒྱུའི་མཛད་རིམ་གནང་།

སྤྱི་ཟླ་དགུ་བའི་ཚེས་བཞི་བོད་ལུགས་ཚེས་བཅོ་ལྔའི་ཟླ་བ་ཉ་ཡོངས་སུ་གང་བའི་ཉིན་མོར། རྒྱ་བླ་མ་ཀན་ཙོའུའི་ཡང་སྲིད་ནས་ཁོང་གི་རྡོ་རྗེ་ཕུར་བའི་ཆོ་ག་ཕྱག་བཞེས་རྒྱུགས་སྤྲོད་ལེགས་འགྲུབ་བྱུང་བ་དང་།  ཉིན་འདིར་ཉེ་འཁོར་ས་ཁུལ་རྡོ་རྗེ་གླིང་དང་བཀའ་བློན་སྦུངས། འབྲས་ལྗོངས་སོགས་སུ་གནས་སྡོད་ས་སྐྱའི་མི་མང་ཚོས་འཁོན་གདུང་ཨ་བྷེ་ཥེ་ཏ་རིན་པོ་ཆེ་མཆོག་གི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་མཛད་སྒོར་མཇལ་བའི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན་པ་དང་། ནམ་མཁའ་གཡའ་དག་ཅིང་ཉི་འོད་དྲོ་བའི་ཉིན་མོ་གཉིས་པ་ཞིག་དང་། དགུང་མོའི་དུས་སུ་སྔོ་བསང་ནམ་མཁའི་ངོས་སུ་ཉ་གང་ཟླ་བའི་བཞིན་རས་མཛེས་སྡུག་འབར་བའི་མཚན་མོ་ཞིག་ཀྱང་རེད། སྐུ་མགྲོན་གྱི་གཙོ་བོར་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་མོ་སྐུ་ཞབས་མཆོག་དང་། བདག་མོ་ཕེ་སྒེ། བདག་མོ་ལྷ་མཛེས། ས་སྐྱའི་ཆོས་ཚོགས་པ་ཨ་ཞེ་ལེ། ཧོང་ཁོང་མ་ཧྰ་སི་དྷ་ཆོས་ཚོགས་ཀྱི་ཚོགས་མི། ཧྥ་རན་སིའི་ས་སྐྱ་བརྩེ་ཆེན་གླིང་གི་བླ་མ་གྲགས་པ་དང་ཁོང་གི་སློབ་མ་རྣམས། དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་སྐུ་མགྲོན་རྣམས་མཉམ་བཞུགས་གནང་བ་རེད།

སྤྱི་ཟླ་དགུ་བའི་ཚེས་བཞི་སྟེ་རྡོ་རྗེ་ཕུར་བའི་སྒྲུབ་མཆོད་ཀྱི་ཉིན་མཐའ་མ་དེ་ཡང་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་བྱུང་བ་སྟེ། དེར་ཡོད་མི་མང་ལ་མཚོིན་ན་འཁོན་གདུང་ཨ་བྷི་ཥེ་ཏ་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་མཛད་པའི་སྒྲུབ་མཆོད་འདི་དེ་འདྲའི་ཡིད་བརྟེན་འཕེར་བ་ཞིག་དང་གོ་རིམ་ལྡན་པ་ཞིག་བྱུང་བ་ནི་སྐུ་ན་གཞོན་པ་ལ་དཔགས་ན་བློ་སྟོབས་འཕེལ་དགོས་པ་ཞིག་རེད་ལ། དེ་བཞིན་སེམས་ཚོར་དང་དབྱིངས་འཕར་བར་བྱེད་པ་ཞིག་ཀྱང་རེད། སྐབས་འདིར་འཁོན་གདུང་ཨ་བྷ་ཡ་རིན་པོ་ཆེ་མཆོག་ཀྱང་སྒྲུབ་མཆོད་འདིའི་དུས་ཚོད་ཚང་མའི་ནང་དུ་སྐུ་གཅེན་དང་མཉམ་བཞུགས་མཛད་ཅིང་། ཕུན་ཚོགས་ཕོ་བྲང་ལ་མཚོན་ན་ལོ་ངོ་ལྔ་བཅུའི་རིང་འཁོན་གདུང་སྔགས་འཆང་ཞིག་དང་རབ་བྱུང་ཞིག་རྣམ་གཉིས་ཀྱིས་འདི་ལྟ་བུའི་དགའ་མགུ་ཡི་རངས་ཀྱི་གནས་སུ་གྱུར་པའི་སྒྲུབ་མཆོད་ཅིག་གཙོ་སྐྱོང་གནང་བ་ཐོག་མ་དེ་རེད། ཤིན་ཏུ་རྩ་ཆེ་ཞིང་བརྒྱུད་པ་བར་མ་ཆད་པའི་སྒྲུབ་མཆོད་འདི་ཡིས་ལོ་ངོ་ཆིག་སྟོང་སུམ་བརྒྱའི་རིང་གི་འཁོན་གྱི་གདུང་རབས་ཀྱི་དབུ་འཕངས་དགུང་དུ་བཏེགས་གནང་མཛད་དོ།། བདག་མོ་ལྷ་མཛེས་ལགས་ཀྱིས་དབྱིན་ཡིག་ཏུ་བྲིས་ཤིང་སྤྲུལ་སྐུ་ཡེ་ཤེས་ཀྱིས་བོད་སྒྱུར་བྱས།

 

Mailing List


Receive announcements about special events as well as a weekly email detailing all activities for the coming week.

 

Make a Donation


Help support Sakya Monastery through a donation or by becoming a Member.

 

Dharma Shop


Purchase select books, CDs, and other items at our online Dharma Shop!