༧དཔལ་ས་སྐྱ་གོང་མ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཁ་སང་སྤྱི་ཟླ་དགུ་བའི་ཚེས་བཅུ་གསུམ་རེས་གཟའ་ཉི་མའི་སྔ་དྲོར། ཆོས་ཚོགས་པ་ཁག་ཅིག་གིས་སྐྱབས་འཇུག་ཞུས་པ་ལྟར། མགོན་པོ་གང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ། འདུས་ཚོགས་བརྒྱ་སྐོར་ཞིག་ལ་སྔོན་འགྲོའི་གསུང་ཆོས་དང་འབྲེལ་ཀྱེ་རྡོར་དང་ཕུར་པ་གཉིས་ཀྱི་ཆོས་འབྱུང་ཞལ་གསལ་གོ་བདེ་བ་ལྷུག་སྩོལ་དང་། དེ་ནས་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱེ་རྡོར་དང་ཕུར་པ་གཉིས་ཀྱི་ཡ་གྱལ་དཔལ་ཆེན་རྡོ་རྗེ་ཕུར་བའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཟབ་མོ་དང་ཕུར་བའི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་བྱིན་རླབས་ལྷན་ཅིག་ཏུ་བཀའ་དྲིན་བསྐྱངས་ཤིང་། འདི་ཉིན་ཕུན་ཕོའི་གདུང་སྲས་ཛ་ཡ་རིན་པོ་ཆེ་དང་ས་དྷུ་རིན་པོ་ཆེ། དེ་བཞིན་ཕུན་ཕོའི་རྗེ་བཙུན་མ་འཆི་མེད་ལགས་དང་བདག་མོ་པད་མ་ལགས་དང་ཁོང་གི་སྲས་མོ་རྣམ་པ་སོགས་ས་སྐྱའི་སྐུ་འཁོར་རྣམས་ཀྱང་ཕེབས་གནང་ཡོད། སྤྲུལ་སྐུ་ཡེ་ཤེས་ཀྱིས།