སྤྱི་ཟླ་དགུ་བའི་ཚེས་བཅུ་རེས་གཟའ་ཕུར་བུའི་ཉིན། འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་གིས་བལ་ཡུལ་ས་སྐྱ་ཐར་ལམ་དགོན་པར་ས་ལུགས་ཆོས་སྤྱོད་ཁག་ཅིག་ཚོགས་རྒྱུགས་སྤྲད་གནང་མཛད་པ་རེད། ཐར་ལམ་དགོན་དུ་ཉིས་སྟོང་ལྔ་ལོ་ནས་བཞུགས་ཤིང་འདི་ལོར་དགུང་ལོ་བཅུ་ལ་ཕེབས་པའི་གདུང་སྲས་རིན་པོ་ཆེ་ཁོང་བཞུགས་ཁྲི་ཆུང་ཆུང་ཞིག་ཏུ་བཞུགས་ཤིང་ཞལ་རས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོང་གྲོལ་ཆེན་མོར་ཕྱོགས་ཏེ་ལོ་ཟླ་འདི་དག་གི་རིང་ལ་ཐུགས་འཛིན་གནང་བའི་འདོན་ཆ་ཁག་ཆུ་ཚོད་གསུམ་དང་ཕྱེད་ཀའི་རིང་རྒྱུགས་འབུལ་གནང་། ཁོང་གིས་ཀུན་རིག་ཆོ་ག་དང་བསྐང་གསོ་སོགས་གལ་ཆེའི་ཕྱག་དཔེ་ཁག་ཧ་ཅང་ལས་སླ་བོའི་སྒོ་ནས་ཐུགས་འཛིན་གནང་བ་དང་། ཁོང་གི་ངོ་མཚར་བའི་ཐུགས་འཛིན་དང་མི་བརྗེད་པའི་གཟུངས་སྤོབས་གཉིས་ཆར་ཚོགས་ཞུགས་པ་ཡོངས་ཀྱིས་བསྟོད་བཀུར་བསྔག་གསུམ་རྒྱ་ཆེར་ཕུལ། ལོ་རེ་རེ་བཞིན་གདུང་སྲས་ཁོང་གིས་ཐུགས་མོས་ཆེན་པོའི་སྒོ་ནས་ཆོས་སྤྱོད་འདྲ་མིན་དག་ལ་གསན་སྦྱོང་གནང་བཞིན་པས་འདི་ལོ་དམིགས་བསལ་གང་མང་མིན། ཁོང་གིས་དགུང་ལོ་ལྔ་ལ་ཕེབས་པ་ནས་བཟུང་སྟེ་ཆོས་སྤྱོད་ཐུགས་འཛིན་གནང་རྒྱུས་མཚོན་པའི་སྐུ་ཡོན་གསན་བཞེས་གནང་དང་གནང་བཞིན་པ་ཡིན་ལ། དམིགས་བསལ་བླ་མ་རྣམ་པ་དང་བསླབ་པ་རྒན་པའི་གྲྭ་པ་དག དེ་བཞིན་མི་སྐྱ་ཉམས་ལེན་པ་རྣམས་ལ་མཚོན་ན་ལོ་རེ་བཞིན་ཁོང་གི་ངོ་མཚར་བའི་ཤེས་རབ་དང་། འགྲན་ཟླ་མེད་པའི་ཐུགས་ཁུར་དང་སྨིན་བཞིན་པའི་སྐུ་ན་སོགས་ངོ་མཚར་བའི་མཛད་སྤྱོད་ཁག་རྒྱུན་མར་འབྱུང་གིན་ཡོད། སྐུ་ན་རྒན་པའི་བླ་མ་ཞིག་གི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ་ན་གཞོན་པ་ཞིག་གི་སྐུ་ལུས་ལ་ཞུགས་པར་ཐེ་ཚོམ་ཕྲ་མོ་ཙམ་ཡང་མེད་པ་རེད། བདག་མོ་འཆི་མེད་ལགས་ཀྱིས་དབྱིན་ཡིག་ཏུ་བྲིས་ཤིང་སྤྲུལ་སྐུ་ཡེ་ཤེས་ཀྱིས་བོད་བསྒྱུར་བྱས།