སྤྱི་ལོ་༢༠༡༡ལོའི་ཟླའི་བརྒྱད་པའི་ཚེས་བཅུ་གསུམ་ཉིན་གྱི་ཆུ་ཚོད་བཅུ་གཅིག་ཙམ་ལ། འཁོན་རིགས་བསྟན་པའི་བདག་པོ་༧དཔལ་ས་སྐྱ་༧ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱལ་ཡུམ་གདུང་སྲས་སྐུ་གཞོན་དང་བཅས་པ་ཝ་ཞིང་ཁྲོན་མངའ་སྡེའི་རྒྱལ་ས་ཨོ་ལིམ་པིས་ཡ་རུ་ཡོད་པའི་དགེ་བཤེས་འཇམ་དབྱངས་ཀྱི་ན་ལེནྡྲ་ཆོས་ཚོགས་ནས་ཕུན་ཕོའི་གདུང་སྲས་མ་ཏི་བཛྲ་དང་ཆོས་ཚོགས་གཙོ་འཛིན། ས་སྐྱ་དགོན་པའི་མཁན་པོ་བྱམས་པ་དང་སྤྲུལ་སྐུ་ཡེ་ཤེས་སོགས་ཀྱི་ཕེབས་བསུ་དང་བཅས་ཆིབས་ཞལ་སེ་ཨ་ཁྲལ་དུ་བསྒྱུར་ཅིང་། ཕྱག་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་ལ་ཕུན་ཕོའི་བདག་ཆེན་རིན་པོ་ཆེ་མཆོག་གི་གཟིམ་ཤག་ཏུ་ཕེབས་འབྱོར་སྐབས། ཕུན་ཕོའི་གདུང་སྲས་རྣམ་པ་དང་བདག་མོ་རྣམ་པ་སོགས་ཀྱི་ཕེབས་བསུ་དང་བཅས་ཕུན་ཕོའི་གཟིམ་ཤག་ཏུ་ཕེབས་ནས་༧བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་དང་གསེར་ཞལ་ལྷན་འཛོམས་ཀྱིས་ཉིན་གུང་གསོལ་ཚིགས་འདེག་འབུལ་དགྱེས་བཞེས་གནང་ཞིང་། ཉིན་རྒྱབ་ཕྱག་ཚོད་གཉིས་པའི་སྟེང་ས་སྐྱ་དགོན་པར་ཆིབས་བསྒྱུར་གྱིས་ས་གནས་བོད་རིགས་ཚོགས་པའི་བཀོད་སྒྲིག་འོག་བདག་ཁྲི་རིན་པོ་ཆེ་མཆོག་གིས་བོད་རིགས་བརྒྱ་དང་ལྔ་བཅུ་སྐོར་ཞིག་ལ་བོད་མིའི་བཟང་སྤྱོད་གོང་སྤེལ་དང་ངན་སྤྱོད་ལ་གཟབ་དགོས་པའི་བཀའ་སློབ་རིན་ཐང་བྲལ་བ་ཞིག་བསྩལ་གནང་མཛད། དེའི་རྗེས་སུ་ཆུ་ཚོད་བཞི་པའི་སྟེང་དུ་ཁམས་སྒ་བ་ནས་ཡིན་པའི་བོད་རིགས་སྐོར་ཞིག་གིས་ཁམས་པའི་ཞབས་བྲོའི་མཆོད་སྤྲིན་ཕུལ་བར་དགྱེས་གཟིགས་མཛད་ཅིང་། མཇུག་ཏུ་ཞབས་བྲོ་བ་ཚོ་དང་ལྷན་དུ་སྐུ་པར་བསྒྲོན་གནང་མཛད། ཕྱི་དྲོར་གོང་མ་རྣམ་གཉིས་ལྷན་བཞུགས་ཀྱིས་དགོང་དྲོའི་གསོལ་ཚིགས་ཕུན་ཕོའི་གདུང་སྲས་ས་དྷུ་བཛྲ་མཆོག་གི་གཟིམ་ཤག་ཏུ་བཞེས།
{gallery}Tulkula/HHST/Set1{/gallery}
ཚེས་བཅུ་བཞི་རེས་གཟའ་ཉི་མའི་སྔ་དྲོར་༧བདག་ཁྲི་རིན་པོ་ཆེ་མཆོག་ཝ་ཤིང་ཁྲོན་མཚོ་འགྲམ་དུ་ས་སྐྱ་དགོན་པས་སྤྱན་རས་གཟིགས་ཀྱི་བཀའ་དབང་ཆེད་གཡར་པོ་ཞུས་ཡོད་པའི་ཚོགས་ཁང་ཆེན་མོ་ཞིག་ཏུ་ཕེབས་ཏེ་དབང་སྒྲུབ་མཛད་ཅིང་། ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྟེང་ས་སྐྱའི་གདུང་སྲས་རྣམ་པ་དང་བདག་མོ་རྣམ་པས་གཙོས་པའི་མི་མང་བཞི་བརྒྱ་ཙམ་ལ་སྤྱན་རས་གཟིགས་རྒྱལ་པོ་ལུགས་ཀྱི་བཀའ་དབང་ལྷུག་སྩོལ་མཛད་པ་དང་། མཇུག་ཏུ་མི་དམངས་ལ་མཇལ་ཁ་བྱིན་རླབས་བཀའ་དྲིན་བསྐྱངས་ཤིང་། ཕུན་ཕོའི་གདུང་སྲས་ཛ་ཡ་རིན་པོ་ཆེའི་གཟིམ་ཁང་དུ་གོང་མ་རྣམ་གཉིས་ལྷོད་བཞུགས་ཀྱིས་དགོང་དྲོའི་གསོལ་ཚིགས་མཆོད་གནང་མཛད།
{gallery}Tulkula/HHST/Set2{/gallery}
ཚེས་བཅོ་ལྔ་རེས་གཟའ་ཟླ་བའི་སྔ་དྲོའི་ཆུ་ཚོད་བཅུ་པའི་སྟེང་དུ་ས་སྐྱ་དགོན་པའི་ལྷ་ཁང་དུ་མི་མང་བརྒྱ་དང་ལྔ་བཅུ་སྐོར་ལ་ས་སྐྱ་པའི་ལྟ་བ་འཁོར་འདས་དབྱེར་མེད་ལས་བརྩམས་པའི་བཀའ་ཆོས་རིན་ཐང་བྲལ་བ་ཞིག་ལྷུག་སྩོལ་མཛད་ཅིང་། དགོང་དྲོའི་ཆུ་ཚོད་དྲུག་པའི་སྟེང་བདག་ཁྲི་རིན་པོ་ཆེ་མཆོག་གིས་དཔལ་ལྡན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་བཀའ་སྲུང་གུར་མགོན་ཕྱག་བཞི་པའི་རྗེས་གནང་བཀའ་དྲིན་བསྐྱངས་ཤིང་། མཇུག་ཏུ་མི་མང་ལ་མཇལ་ཁ་བྱིན་རླབས་བསྩལ་ཅིང་དྲན་རྟེན་གྱི་སྐུ་པར་ཡང་མཉམ་བསྒྲོན་གནང་། དེ་རྗེས་གོང་མ་རྣམ་གཉིས་ལྷན་བཞུགས་ཀྱིས་ཉིན་གུང་གསོལ་ཚིགས་ཕུན་ཕོའི་གདུང་སྲས་ཨ་ནནྡ་བཛྲ་མཆོག་གི་གཟིམ་ཤག་ཏུ་ལྷོད་བཞེས་གནང་།
{gallery}Tulkula/HHST/Set3{/gallery}
གཟའ་མིག་དམར་གྱི་སྔ་དྲོའི་ཕྱག་ཚོད་བདུན་པ་ཙམ་ལ་ས་སྐྱ་ཕུན་ཕོའི་བདག་མོ་སྐུ་ཞབས་དང་མཁན་པོ་བྱམས་པ། སྤྲུལ་སྐུ་ཡེ་ཤེས་དང་ཆོས་ཚོགས་ཀྱི་ཚོགས་མི་རྣམ་པས་ཕེབས་སྐྱེལ་དང་བཅས་སེ་ཨ་ཁྲལ་གྲོང་ཁྱེར་ཉེ་འདབས་ནས་གྲུ་གཟིངས་ལ་བཞུགས་ཏེ་ཝི་ཁུ་ཁྲོ་རེ་ཡ་གླིང་ཕྲན་དུ་ཡོད་པའི་དགེ་བཤེས་བཀྲ་ཤིས་རྣམ་རྒྱལ་གྱི་ཆོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་བཅས་ཐེངས་འདིའི་བདག་ཁྲི་རིན་པོ་ཆེ་མཆོག་གི་སེ་ཨ་ཁྲལ་གྱི་མཛད་རིམ་ཉུང་བསྡུས་སུ་སྤྲུལ་སྐུ་ཡེ་ཤེས་ཀྱིས་བྲིས་པའོ།།
{gallery}Tulkula/HHST/Set4{/gallery}