༄༅། །དཔལ་ས་སྐྱ་གོང་མ་མཆོག་སྲོག་བླུའི་དགེ་སྒྲུབ་ཀྱི་ས་གནས་སུ་ཆིབས་བསྒྱུར།
དེ་ཡང་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་༧ས་སྐྱ་གོང་མ་མཆོག་རྣམ་གཉིས་ཀྱིས་དབུས་པའི་ས་སྟེང་རྒྱལ་བསྟན་འཛིན་ཅིང་སྤེལ་བའི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པའི་སྐུ་ཚེ་བརྟན་ཅིང་མཛད་ཅིང་རྒྱས་པ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཡོངས་ལ་བདེ་སྐྱིད་འཐོབ་པའི་ཆེད་དུ། ལོ་གཉིས་ཀྱི་སྔོན་ནས་བཟུང་གུས་པ་སྤྲུལ་སྐུ་ཡེ་ཤེས་དང་ཆོས་ཚོགས་པ་ཁིར་སི་ཁྲིན་གཉིས་ཀྱིས་གསོད་ངེས་ཀྱི་ཉེན་ཁའི་ནང་ཚུད་པའི་སྲོག་ཆགས་ཉམ་ཆུང་སྡིག་སྲིན་དང་ཉ་འབུ་དག་གི་ཚེ་སྲོག་བླུ་བའི་ལས་རིམ་ཞིག་བཀོད་སྒྲིག་ཞུས་ཡོད་པ་དང་། འདི་ཟླའི་ཚེས་དགུ་ཉིན་དཔལ་ས་སྐྱ་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དང་བདག་མོ་སྐུ་ཞབས་རྣམ་གཉིས། ས་སྐྱ་དགོན་པའི་མཁན་པོ་བྱམས་པ་བསྟན་འཕེལ་དང་ཆོས་ཚོགས་པ་སུམ་ཅུར་ཉེ་བ་སྤྲུལ་སྐུ་ཡེ་ཤེས་དང་ཁིར་སི་ཁྲིན་གཉིས་ཀྱིས་བཀོད་སྒྲིག་ཞུས་པའི་མཚོ་ནང་སྲོག་ཆགས་སྡིག་སྲིན་གྱི་སྲོག་བླུའི་དགེ་སྒྲུབ་ཀྱི་ཆེད་དུ་ཆིབ་སྒྱུར་གནང་ཞིང་། ཐོག་མར་ཆོས་ཚོགས་པ་དག་གིས་ཞལ་འདེབས་སུ་ཕུལ་བའི་ཨ་སྒོར་གཅིག་སྟོང་ཉིས་བརྒྱ་ཙམ་གྱིས་སྡིག་སྲིན་བརྒྱ་དང་ལྔ་བཅུ་སྐོར་ཉོས་རྗེས། མཚོ་འགྲམ་གྱི་མཛེས་ལྗོངས་ཉམས་དགའ་བ་ཞིག་ཏུ་ཕེབས་ཏེ་འཕགས་པ་བཟང་པོ་སྨོན་ལམ་གྱི་རྒྱལ་པོ་གསུང་སྒྲོག་གནང་ཞོར་ཉམ་ཐག་སེམས་ཅན་དེ་དག་ལ་མྱོང་གྲོལ་དམ་རྫས་སྣ་ཚོགས་ཀྱིས་སྦྲུས་པའི་ཆབ་ཀྱིས་བྲན་ཅིང་། དེ་ནས་ཚོགས་མི་ཡོངས་ཀྱིས་མགོན་པོ་འོད་དཔག་མེད་དང་ཐུགས་རྗེ་ཆེན་པོའི་མཚན་སྔགས་ཟློ་ཞོར་དུ་རེ་རེ་བཞིན་མཚོ་ནང་དུ་མངགས་ཏེ་མི་འཇིགས་སྲོག་གི་སྦྱིན་པ་རླབས་པོ་ཆེ་གཏོང་བར་མཛད་པའི་གནས་ཚུལ་སྙིང་བསྡུས་སུ། སྐྱེ་འཆིའི་བཙོན་དུ་ཚུད་པའི་ཉམ་ཐག་འགྲོར། ། མི་འཇིགས་སྲོག་གི་སྦྱིན་པ་བཏང་བའི་དགེས། ། བསྟན་འཛིན་ཞབས་བརྟན་མཁའ་མཉམ་འགྲོ་བ་རྣམས། ། བདེ་སྐྱིད་སྣང་བའི་དཔལ་ལ་ལོངས་སྤྱོད་ཤོག ། སྤྲུལ་སྐུ་ཡེ་ཤེས་ཀྱིས།